རྩོམ་གསར།
མི་རིགས་ཀྱི་བྱ་བ་དེ་གཙོ་བོ་མི་རིགས་སྐད་ཡིག་བྱ་བའི་ སྟེང་ན་ཡོད།
ཁྱུང་ཐར་རྒྱལ།
བོད་ཀྱི་མཆོད་མེ་དྲ་བ་ལས་དྲངས།

དང་པོ།

རྒྱལ་ཁབ་དབུ་བརྙེས་པའི་ཚུན་དང་། ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ རྗེས་སུ་མི་རིགས་རང་སྐྱོང་གི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ ཤིང་“མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཆ་དང་ཡི་ གེ་སྤྱོད་པ་དང་གོང་དུ་སྤེལ་བའི་རང་དབང་ཡོད”ཅེས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ གཏན་འཁེལ་བྱས་པས། ས་གནས་སོ་སོ་དང་རིམ་པ་སོ་སོས་བསམ་བློ་བཅིངས་གྲོལ་དང་ངོས་ཟིན་མཐོར་འདེགས་ ཀྱིས་མི་རིགས་རང་སྐྱོང་བྱ་བའི་ཐད་དུས་རབས་རང་བཞིན་གྱི་གྲུབ་འབྲས་གསར་བ་ བླངས་ཡོད།

ཡིན་ནའང་། བལྟོས་ས་བལྟོས་འཇོག་གིས་སྒོ་ནས་བཤད་ན། ང་ཚོས་བསྒྲུབ་པ་ད་དུང་མི་འདང་ཞིང་ལེགས་བཅོས་བྱེད་དགོས་པའི་གནད་དོན་ཧ་ཅང་མང་ བས1999ལོར་ཀྲུང་དབྱང་གིས་མི་རིགས་བྱ་བའི་ཚོགས་འདུ་བསྡུས་ཏེ། མི་རིགས་བྱ་བའི་ཐད་སྔར་ལས་ལྷག་པར་ཤུགས་སྣོན་བྱས། མི་རིགས་བྱ་བ་ནི་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གནད་དོན་ཞིག་ཏུ་གྱུར་ ཟིན་པས། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་ཁ་ཤས་དང་ས་ཁུལ་ཁ་ཤས་སུ་ཚར་སྣང་ཧ་ཅང་ཆེན་པོ་ བྱུང་བ་རེད། ལྷག་པར་དུ་ཁི་སའོ་ཨོ(科索噢)ཉམས་ཉེན་བྱུང་རྗེས་ཀྲུའུ་ཞི་ཅང་ཙེ་མིན་གྱིས“ངེས་བར་དུ་མིག་སྔའི་འཛམ་གླིང་གི་མི་རིགས་དང་ཆོས་ལུགས་ཀྱི་ གནད་དོན་ལ་ཞིབ་འཇུག་བྱེད་པར་དོ་སྣང་བྱེད་པའི་དུས་མཚུངས་སུ། ང་ཚོས་རང་ཉིད་ཀྱི་མི་རིགས་དང་ཆོས་ལུགས་ཀྱི་བྱ་བ་ལེགས་སྒྲུབ་བྱེད་དགོས”ཞེས་ བསྟན། ཚང་མས་ཤེས་གསལ་ལྟར། རང་རྒྱལ་ལ་མཚོན་ན་མི་རིགས་བྱ་བའི་ཐད་གནད་དོན་དོན་ཆེན་པོ་གནས་མེད་ནའང་། མི་རིགས་སྐད་ཡིག་བྱ་བ་ལེགས་སྒྲུབ་བྱེད་རྒྱུ་དེ་མི་རིགས་བྱ་བའི་སྲོག་ཤིང་ཁོ་ ནར་གྱུར་ཡོད།

མི་རིགས་བྱ་བ་ཟེར་བ་དེ་གཙོ་བོ་སྐད་ཆ་དང་སྐད་ཡིག་གཉིས་ཀྱི་སྟེང་ན་ཡོད། ལྷག་པར་དུ་སྐད་ཡིག་ནི་མི་རིགས་ཀྱི་ཚེ་སྲོག་ཉག་གཅིག་ཡིན་པས། མི་རིགས་ཤིག་ལ་གཅེས་ན་ཐོག་མར་མི་རིགས་དེའི་སྐད་ཡིག་ལ་གཅེས་དགོས་ཤིང་“མི་ རིགས་ཤིག་མེད་པར་གོང་ན་ཐོག་མར་མི་རིགས་དེའི་སྐད་ཡིག་མེད་པར་གཏོང་དགོས”པ་ནི་ སྤྱི་ཚོགས་ཀྱི་ལག་ལེན་ཁྲོད་ནས་ར་སྤྲོད་བྱུང་བའི་ཆོས་ཉིད་ཅིག་ཡིན། གཉིས། རང་རྒྱལ་མི་རིགས་བྱ་བའི་ཐད་བྱ་བ་མང་ པོ་ཞིག་བསྒྲུབ་ཡོད་ལ་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད་པ་རེད། ཡིན་ནའང་། མི་རིགས་སྐད་ཡིག་བྱ་བའི་ཐད་ད་དུང་མི་འདང་ས་དང་ང་ཚོས་བསྒྲུབ་དགོས་པ་ཧ་ཅང་མང་ པོ་ལུས་ཡོད་པ་རེད། མི་རིགས་རང་སྐྱོང་ས་གནས་སོ་སོས < < མི་རིགས་སྐད་ཡིག་བྱ་བའི་སྲོལ་ ཡིག > > གཏན་འབེབས་བྱས་ཏེ་ལས་ཁུངས་ཀྱི་སྒོ་བྱང་ཁ་ཤས་སུ་མི་རིགས་ཀྱི་ཡི་ གེ་བྲིས་པ་དེ་ཙམ་ལ་མི་རིགས་རང་སྐྱོང་མི་ཟེར་ལ། མི་རིགས་སྐད་ཡིག་ལ་སློབ་སྦྱོང་གང་ཡང་མེད་པར་རྒྱ་རིགས་གཙོ་བྱས་པའི་ལས་བྱེད་ པ་དང་ལས་བཟོ་བ་སྐོར་ཞིག་བསྡུ་ལེན་བྱས་ཏེ“ཧ་ཅང་སྟབས་བདེའི་རྒྱུགས”ཤིག་བླངས་ པ་དེ་ལ་མི་རིགས་སྐད་ཡིག་བྱ་བར་མཐོང་ཆེན་བྱས་པ་རེད་ཅེས་གཏན་ནས་བཤད་ཐབས་བྲལ། ཐ་ན་མི་རིགས་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་ཤེས་པ་དེ་དག་གིས་མི་རིགས་སྐད་ཡིག་ལ་ རྒྱུགས་ཇི་ལྟར་སྤྲོད། འདི་འདྲའི་ཕྱི་ཚུལ་རིང་ལུགས་རྒྱུན་འབྱམས་སུ་སོང་ན་མི་རིགས་སྐད་ཡིག་བྱ་བར་ ཤུགས་རྐྱེན་ངན་པ་བཟོ་སྲིད་པར་མ་ཟད། རྒྱལ་ཁབ་ཀྱི་མཚན་སྙན་ལའང་གནོད་པ་ཡོད།

ཚང་མས་ཤེས་གསལ་ལྟར་རང་རྒྱལ་གྱི་མི་རིགས་བྱ་བའི་ཐད་སྔར་ལས་ལྷག་པར་ མཐོང་ཆེན་བཞིན་ཡོད་ནའང་། མི་རིགས་སྐད་ཡིག་བྱ་བ་དེ་དེ་འདྲའི་དོན་ཐོག་ཏུ་འཁྱོལ་དཀའ་བའི་རྒྱུ་མཚན་གང་ལ་ ཐུག་ཡོད། མཐར་གཏུགས་ན་མང་ཚོགས་ལ་ཐུག་ཡོད་དམ་འགོ་ཁྲིད་ལ་ཐུག་ཡོད་ཅེ་ན། ངས་བལྟས་ན་འདི་ནི་ཐད་ཀར་དུ་འགོ་ཁྲིད་ལ་ཐུག་ཡོད་པའི་གནད་དོན་ཞིག་ཡིན་པར་ སེམས། དེ་ཡང་འགོ་ཁྲིད་སྐོར་ཞིག་གིས་ཀྲུང་གོས་སྲིད་ཕྱོགས་ལ་སྤྱོད་པའི་ཡི་གེ་རྒྱ་ ཡིག་ཡིན་པས་རྒྱ་ཡིག་གི་མ་གཏོགས་སླ་ང་འདིའི་ནང་གི་ཟ་མ་ཟ་མི་ཐུབ་སྙམ་གྱིན་ ཡོད། ཡང་འགོ་ཁྲིད་ཁ་ཤས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཡི་གེ་དར་སྤེལ་བྱས་ཚེ་རང་གི་“བཞུགས་ཁྲི”བརྟན་རྒྱུ་མ་རེད་བསམ་ཡོད།

མིག་སྔར་རྒྱལ་ཡོངས་སུ“དོ་སྣང་གསུམ”གྱི་སློབ་གསོ་སྤེལ་སྐབས་གྲངས་ཉུང་མི་ རིགས་ཀྱི་འགོ་ཁྲིད་ལས་བྱེད་པར་སྐོར་ཞིག་རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་སོང་ སྟེ་སྲིད་ཇུས་ལ་འགྱུར་བ་འབྱུང་གིན་འདུག་ཅེས་གྲངས་ཉུང་མི་རིགས་ཀྱི་སྐད་ཆ་དང་ སྐད་ཡིག་བཀོལ་སྤྱོད་བྱེད་པར་རང་གིས་རང་ལ་ཚོད་འཛིན་ནན་མོ་བྱེད་ཀྱིན་ཡོད་པ་ ལྟ་བུས་མཚོན་ཡོད། དེ་ལྟ་རང་སྐྱོང་ས་ཁུལ་དུའང་མི་རིགས་སྐད་ཡིག་གིས་སྲིད་གཞུང་ལ་སྙན་ཞུ་བརྒྱ་ ཕྲག་ཁ་ཤས་བྲིས་ཀྱང་བལྟ་མཁན་གཅིག་ཀྱང་མེད་པའི་གནས་ཚུལ་ཡོད་པའང་ཚང་མའི་སེམས་ སུ་ཁྲིགས་ཁྲིགས་ཡིན།གོ་ཐོས་སུ་མཚོ་བྱང་ཁུལ་གྱི་ཤར་ག་གེ་མོར་བོད་རིགས་ཡོད་ ཀྱང་བོད་ཡིག་ཕལ་ཆེར་ཉམས་པའི་གནས་ཚུལ་བྱུང་། ཡུལ་དེ་གའི་དགོན་པའི་བརྡ་ཐོ་བཏང་སྟེ་བོད་ཡིག་སྦྱོང་མཁན་ཡོད་ན་དགོན་པ་ནས་ བོད་ཡིག་འཁྲིད་རྒྱུ་ཡིན་པ་བསྒྲགས་མ་ཐག་ཤང་ཏང་ཨུ་དང་སྲིད་གཞུང་གིས་དགོན་པ་ དོ་དམ་ཨུ་ཡོན་་་ཀྲུའུ་རིན་སོགས་བོས་ཏེ་སྐྱོན་བརྗོད་ནན་མོ་བྱས་པར་གྲགས། མི་རིགས་སྐད་ཡིག་བྱ་བའི་སློབ་སྦྱོང་དང་བཀོལ་སྤྱོད་ལ་ཐད་ཀར་བཀག་སྡོམ་བྱས་པ་ འདིས་འགོ་ཁྲིད་ལས་བྱེད་པ་དེ་དག་གི་མིག་རྒྱང་ཐུང་བའི་འཇོན་ཐང་མཚོན་ཡོད་དེ། འགོ་ཁྲིད་ལས་བྱེད་པ་དེ་ཚོས་ང་ཚོའི་ནུབ་བརྒྱུད་གསར་སྤེལ་ཆེན་པོའི་བྱ་བཞག་ལ་ བྱས་རྗེས་ལྟ་ཅི། ཐ་ན་དེ་ལས་ལྡོག་པའི་ཤུགས་རྐྱེན་ངན་པ་མི་བཟོ་བའི་ངེས་པ་གཏན་ནས་མེད་དེ། སྐུ་ཞབས་ལུའུ་ཞུན་གྱིས“མི་ཁ་ཤས་ཀྱིས་བྱིས་པ་བཀྲུས་པའི་ཆུ་འཕོ་འདོད་ན་བྱིས་ པའང་ཐང་ལ་འཕོ་བར་བྱས”ཞེས་གསུངས་པ་ལས་མ་འདས་སོ།། བློ་མཐུན་ཀྲོའུ་ཨེན་ལེ་ནས“མི་རིགས་ རང་སྐྱོང་གི་ས་ཆར་མི་རིགས་གཙོ་བོ་དེའི་ཡི་གེ་ཨང་དང་པོར་བརྩིས་ཏེ་བཀོལ་ སྤྱོད་བྱེད་དགོས”ཞེས་གསུངས་ལ < < ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས > > དོན་ཚན་ཉེར་གཅིག་པར“མི་རིགས་ རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་འགན་དབང་ལག་བསྟར་བྱེད་སྐབས། མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་ཁྲིམས་སྲོལ་གྱི་གཏན་ཁེལ་ལྟར། ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་དུ་མ་སྤྱོད་པ་དང་། སྐད་ཡིག་རིགས་དུ་མ་མཉམ་དུ་སྤྱད་ནས་ལས་འགན་སྒྲུབ་པའི་ས་གནས་སུ་རང་སྐྱོང་ མངོན་བསྟར་བྱེད་པའི་མི་རིགས་ཀྱི་སྐད་ཡག་དེ་གཙོ་བོ་བྱ་ཆོག”ཅེས་བཀོད་ཡོད། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་དང་འབྲེལ་ཡོད་སྡེ་ཁག་གིས་བཅའ་ཁྲིམས་འདི་ དག་ལག་བསྟར་མི་བྱེད་པའི་ཁར་དེ་ལས་ལྡོག་པའི་བཀག་སྡོམ་བྱས་ཚེ་འདི་ནི་མི་རིགས་ ཀྱི་གནད་དོན་གཙོ་བོ་ཞིག་ཏུ་མི་འགྱུར་བའི་ངེས་པ་གཏན་ནས་མེད་དེ། འཛམ་གླིང་ལོ་རྒྱུས་ཀྱི་ར་སྤྲོད་བྱས་པར། མི་རིགས་བྱ་བའི་གནད་དོན་མང་ཆེ་བ་མི་རིགས་སྐད་ཡིག་བྱ་བའི་སྟེང་ན་ཡོད་པ་བཞིན་ ནོ།།

ཚང་མས་ཤེས་གསལ་ལྟར། མི་རིགས་བྱ་བ་ལེགས་པོ་ཞིག་བསྒྲུབ་ན་ཐོག་མར་མི་རིགས་སྐད་ཡིག་བྱ་བ་ལེགས་པོ་ ཞིག་བསྒྲུབ་དགོས། མི་རིགས་སྐད་ཡིག་བྱ་བ་ལེགས་སྒྲུབ་བྱེད་རྒྱུ་དེ་སྒོ་བྱང་འགའ་རེ་དང་ཡིག་ཆའི་ འགོ་ཤོག་འགའ་རེའི་སྟེང་ན་མེད་པར་ཉིན་རེའི་གྲོས་རིམ་གྱི་སྲིད་དོན་བྱ་བ་ཁོ་ ནའི་སྟེང་ན་ཡོད། བློ་མཐུན་ཀྲོའུ་ཨེ་ལེ་ནས“མི་རིགས་རང་སྐྱོང་གི་ས་ཆར་མི་རིགས་དེའི་ཡི་གེ་ཨང་ དང་པོར་བཞག་སྟེ་བཀོལ་སྤྱོད་བྱེད་དགོས”ཞེས་གསུངས་པའང་མི་རིགས་བྱ་བའི་གནད་ དོན་ཐུག་བསམ་ཟབ་མོ་བཏང་བ་ཞིག་ཡིན། དེ་བས་རང་རྒྱལ་གྱི་མི་རིགས་རང་སྐྱོང་ས་ཁུལ་གྱི་མི་རིགས་རང་སྐྱོང་ས་ཁུལ་ གྱིས་ངེས་པར་དུ་ས་ཁུལ་དེའི་མི་རིགས་གཙོ་བོའི་བཀོལ་སྤྱོད་ལ་མཐོང་ཆེན་བྱེད་ དགོས་པར་མ་ཟད་སྐད་ཡིག་ཡོད་པའི་མི་རིགས་གཞན་དག་གི་ཁེ་དབང་ལ་བརྩི་སྲུང་བྱེད་ དགོས། དེའང་དྲང་བོར་བཤད་ན་མི་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་ གཙོ་བྱས་པའི་ཚོགས་འདུ་རབ་དང་རིམ་པར་དེ་གའི་མི་རིགས་གཙོ་བོ་དེའི་སྐད་ཆ་བཀོལ་ དགོས་ལ། ཡིག་ཆ་དང་འཕྲིན་གསར་སོགས་ཀྱང་མི་རིགས་གཙོ་བོ་དེའི་སྐད་ཡིག་ལ་བརྟེན་དགོས་པ་ འདི་དང་པོ་ཡིན། མི་རིགས་རང་སྐྱོང་ས་ཁུལ་གྱིས་ངེས་པར་དུ་མི་རིགས་རང་གི་སྐད་ཆས་བསྒྲུབ་པའི་ ཀྲུང་དབྱང་དང་། ཡང་ན་སྤུན་ཟླའི་ཞིང་ཆེན་སོགས་ཀྱི་རྒྱང་སྒྲོག་དང་བརྙན་འཕྲིན་ལེ་ཚན་བརྒྱུད་ གཏོང་བྱེད་དགོས་པར་མ་ཟད། རང་ཉིད་ཀྱི་རྒྱང་སྒྲོག་དང་བརྙན་འཕྲིན་ལེ་ཚན་བསྒྲུབ་སྟེ། མི་རིགས་སྐད་ཡིག་བྱ་བའི་བཀོལ་སྤྱོད་ལ་ཤུགས་སྣོན་དགོས་པ་འདི་གཉིས་པ་ཡིན། མི་རིགས་རང་སྐྱོང་ས་ཁུལ་གྱི་ངེས་པར་དུ་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་ཚགས་ པར་དང་དུས་དེབ་བསྒྲུབ་སྟེ། དཔལ་ཡོན་གཉིས་ཀྱི་འཛུགས་བསྐྲུན་ལ་ཤུགས་སྣོན་བྱེད་པར་སྐུལ་འདེད་བྱེད་དགོས་པ་ འདི་གསུམ་པ་ཡིན། རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ རྒྱུགས་ལེན་ལམ་ལུགས་ཁྲོད་མི་རིགས་སྐད་ཡིག་ལའང་རྒྱ་ཡིག་དང་འདྲ་མཉམ་གྱི་ཐོབ་ ཐང་སྤྲོད་དགོས་པ་འདི་བཞི་བ་ཡིན། མི་རིགས་སྐད་ཡིག་ཆ་རྐྱེན་འཛོམས་ནས་མི་རིགས་སྐད་ཡིག་དེ་གློག་ཀླད་ཀྱི་རྒྱལ་ སྤྱིའི་དྲ་སྦྲེལ་དུ་འཇུག་པར་འབད་བརྩོན་བྱེད་དགོས་པ་འདི་ངས་བརྗོད་འདོད་པའི་ སྐད་ཆ་ལྔ་བ་ཡིན། དབྱངས་གསལ་སོ་བཞིའི་རིགས་འཕྲུལ་རྨད་པོ་ཆེས།། ཇི་སྙེད་ཤེས་བྱའི་རྣམ་གྲངས་མ་ལུས་པ།། བདེ་བླག་སྟོན་པའི་ཤིང་རྟ་སམ་བྷོ་ཌའི།། འཁོར་མེད་བཀའ་དྲིན་དྲན་བཞིན་སྙིང་ནས་འདུད།། དེ་ཡང་བོད་གངས་ཅན་གྱི་ལྗོངས་འདིར་ལོ་སྟོང་ཕྲག་དུ་མའི་ཡར་སྔོན་ནས་ ཤེས་ཡོན་དང་ལྡན་པའི་མི་རིགས་གནས་ཤིང་། ཁྱད་པར་དུ་ཐོན་མི་སམ་བྷོ་ཌས་བོད་ཡིག་ཁྱབ་གདལ་དུ་སྲོལ་བཏོད་དེ། ཕྱིའི་རིག་གཞུང་དུ་མ་ནང་དུ་དྲངས། དེའི་ཚེ་ན་བོད་མིའི་འཚོ་བ་དང་རིག་གནས་དཔལ་འབྱོར་ཆབ་སྲིད་གང་ཐད་ནས་དར་རྒྱས་ ཕུན་སུམ་ཚོགས་པ་བྱུང་སྟེ། ཀུན་གྱིས་སྨོན་གནས་སུ་གྱུར། རྒྱལ་བོ་གླང་དར་མས་བསྟན་པ་བསྣུབས་པ་ནས་བཟུང་བོད་ཀྱི་རྒྱལ་རབས་སིལ་བུར་འཐོར་ ཡང་རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གནས་འདི་ཉིད་ཀྱིས་ཆོལ་ཁ་གསུམ་པོ་རྩྭའི་བམ་ པོ་བཞིན་དུ་འཆིང་ཐག་གཅིག་གིས་བཅིངས་ཏེ་གནས། དུས་རབས་ཉི་ཤུ་བའི་ནང་དུ་ཡོ་རོབ་དང་ཨ་རི་སོགས་ཡུལ་གྲུ་མང་པོ་ལ་ཁྱབ་སྟེ། ད་ལྟ་འཛམ་གླིང་གི་མཁས་བླུན་བགྲང་གིས་མི་ལངས་པ་ཞིག་གིས་ བོད་ཀྱི་རིག་གཞུང་ཞེས་གཙིགས་ཆེན་བྱེད་པའི་གནས་སུ་གྱུར།

དེའང་དུས་རབས་གསར་བ་འདིར་འཛམ་གླིང་གི་ལག་རྩལ་ཡར་རྒྱས་སུ་སོང་ཡང་། དེ་ཙམ་གྱིས་ནང་གི་ཞི་བདེ་བག་ཡངས་ཀྱི་འཚོ་བ་སྐྲུན་མི་ནུས་པར་མ་ཟད་འཇིགས་སུ་ རུང་བའི་བྱ་བ་མང་པོ་ཇེ་མང་དུ་བཏང་བའི་གནས་སྐབས་འདི་ན། སྐྱེ་བོ་དུ་མ་ཚུལ་དེ་དག་ལ་ཡི་ཆད་ཅིང་། བོད་ཀྱི་རིག་གཞུང་འདིའི་ནང་ན་འགྲོ་བ་མིའི་རིགས་ལ་ངེས་པ་དོན་གྱི་བདེ་སྐྱིད་ འདྲེན་པའི་ཐབས་ཚུལ་ཡང་དག་པ་ཞིག་རྙེད་པའི་རེ་བའི་འོད་སྣང་ཞིག་འདུག་སྙམ་པ་ ཡིན་གྱི། ཁོང་ཅག་གི་རིག་གཞུང་དང་ཟེར་སྒྲོས་མི་འདྲ་བ་ཙམ་ལ་ཡ་མཚན་སྐྱེས་ཏེ་དོ་གལ་ཆེན་ པོ་བྱེད་པ་ནི་མ་ཡིན་ནོ།། དེས་ན་ཉེ་བའི་ཆར་སྐྱེ་བོ་འགའ་རེས་ནུབ་ཕྱོགས་ཀྱི་རིག་པ་གསར་བ་དག་དང་གང་དུ་ དར་བའི་གནས་དེ་དང་དེར་ནང་རིག་པ་གཙོ་བོར་བྱེད་པའི་བོད་ཀྱི་རིག་གཞུང་ལྟ་བུ་ དག་ནུབ་པར་འགྱུར་རོ་སྙམ་པ་ནི་ནོར་བ་ཁོ་ནར་ཟད་དེ། དངོས་ ཡོད་ཀྱི་བདེན་དཔང་མངོན་སུམ་པ་འདི་དག་གིས་གསལ་བར་མཚོན་པར་བྱས་པའི་ཕྱིར་རོ།། འོན་ཀྱང་ཆེས་བློ་ཕམ་པ་ཞིག་ནི་རང་རེའི་ རིག་གཞུང་འདི་དག་ད་ལྟ་རང་ཡུལ་ནས་ཉམས་རྒུད་དུ་འགྲོ་བཞིན་པ་ཡིན་ཏེ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་ མཚན་ནས་སྨྲོས་ན་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་ གནས་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་སྙིང་གཏམ་སྤྲིན་གྱི་རོལ་མོ་ལས། བོད་རིགས་དག་མ་ཞིག་ཡིན་ཕྱིན་བོད་ཀྱི་སྐད་ཡིག་དག་མ་ཞིག་ངེས་པར་དུ་ཤེས་དགོས། ཤེས་པ་དེ་སྤྱད་དགོས། གལ་ཏེ་བོད་རང་གི་ཆས་གོས་ཀྱང་མི་བྱེད། སྐད་ཡིག་དག་ཀྱང་མི་སྤྱོད་ན་དེའི་ཚེ་བོད་ཅེས་པའི་མིང་བོར་ཚར་བ་རེད། ད་ལྟ་བོད་ན་རྫོང་དང་གྲོང་ཁྱེར་ཆེ་ཆུང་སྣ་ཚོགས་པར་གནས་པའི་ཕ་མ་ཐམས་ཅད་བོད་ རིགས་གཤའ་མ་ཡིན་ངེས་ཀྱི་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་གཏན་ནས་མི་ཤེས་པའི་ གནས་ཚུལ་ཚབས་པོ་ཆེ་ཞིག་འོང་གི་འདུག དེར་མ་ཟད་བོད་ རིགས་ལས་བྱེད་པ་སོགས་བོད་ཀྱི་ཆེན་པོ་རློམ་པ་ཚོས་ཀྱང་བོད་སྐད་དག་མ་ཞིག་ཤོད་ ཐུབ་ཀྱིན་མི་འདུག་སྟེ་གཏམ་གྱི་ལྔ་ཆ་གཅིག་གམ་གཉིས་ཙམ་ཞིག་རྒྱ་སྐད་ཡིན་པས་ རྒྱ་སྐད་མི་ཤེས་མཁན་གྱིས་ད་ལྟ་བོད་ན་གཏམ་མགོ་མཇུག་ཚང་བ་ཞིག་མཉན་རྒྱུ་རྙེད་ དཀའ་མོ་རེད ། ཅེས་གསུངས་པ་བཞིན་ནོ།།

འོ་ན་དེའི་རྒྱུ་མཚན་ཅི་ཞེ་ན། གོང་གི་འཕྲོས། དེའི་རྒྱུ་མཚན་ཡང་ཕལ་ཆེ་མོ་ཞིག་དོན་མེད་ལད་མོ་ཁོ་ན་དང་། ཉུང་ཤས་ཤིག་ནི་དེང་དུས་གསར་དུ་བྱུང་བའི་འཕྲུལ་ཆས་སོགས་དངོས་པོ་མང་བོ་ཞིག་ལ་ བོད་ཀྱི་སྐད་ཐོག་ནས་མིང་ལེགས་པོ་ཞིག་ད་དུང་ཆགས་མི་འདུག་པས་གཞན་དག་གིས་བཏགས་ པའི་མིང་རྣམས་གཡར་དགོས་བྱུང་བ་རེད། དེའི་རྩ་བ་བོད་རང་གི་སྐད་ཡིག་ལ་རྩིས་ཆེན་མ་བྱས་པས་ལན་གྱི་བོད་སྐད་ཀྱིས་དེ་ དག་ལ་མིང་གདགས་མི་ནུས་པ་གཏན་ནས་མ་རེད། དེས་ན་འདི་རིགས་ལ་བོད་གཅིག་གྱུར་གྱི་མིང་གཞི་གདགས་རྒྱུ་གལ་ཆེ་སྟེ་བོད་ཀྱི་ ཕ་སྐད་ཤེས་པ་གཞིར་བཞག་གིས་སྐད་རིགས་གཞན་ཤེས་ན་ཡོན་ཏན་ཡིན་གྱི། བོད་ཀྱིས་བོད་སྐད་མི་ཤེས་བཞིན་སྐད་རིགས་གཞན་ཞིག་སྨྲ་ཁུལ་བྱས་ན་ཁྲེལ་དགོད་ བྱེད་མཁན་མ་གཏོགས་བསྔགས་བརྗོད་བྱེད་མཁན་ཞིག་འཛམ་གླིང་གི་ཁྱོན་ན་ཡོད་ཚོད་མི་ འདུག་པའི་ཕྱིར་རོ།།

ཡང་བོད་ཀྱི་རྩོམ་པ་པོ་དང་དཔེ་ སྐྲུན་ཁང་འགའ་རེས་བོད་ཡིག་ནང་རྒྱ་ཡིག་གི་བརྡ་མཚོན་རྟགས་ཤད་ཅེས་་དེ་བསྲེས་ ཏེ་རྒྱ་མིན་བོད་མིན་ཁྲ་ཧྲིལ་ལེ་བ་ཞིག་བྱས་འདུག རྒྱ་ ཡིག་ལ་སྔོན་འདི་དག་མེད་ཀྱང་གཅོད་མཚམས་དཀའ་བ་དང་དོན་ནོར་ཉེན་བྱུང་བས་སུང་ རྒྱལ་རབས་ཚུན་ཆད་ནས་རིམ་བཞིན་དར་བར་གྱུར་མོད། བོད་ཀྱིས་ཡི་གེ་ལ་མི་འཁྲུགས་པའི་རྒྱ་རིམ་པ་བདུན་དང་རྣམ་དབྱེ་ཚིག་ཕྲད་དེ་ སྙེད་ཅིག་ཡོད་པས་གཅོད་མཚམས་དང་དོན་ནོར་ཉེན་ཅི་ཡང་མེད་པས་དགོས་པ་མི་འདུག་གོ། ཞེས་གསུངས་པ་བཞིན་དུ་འདི་ལ་རྒྱུ་མཚན་འགའ་ཞིག་འདུག་སྟེ། དང་བོ་ནི། བོད་ཡུལ་གྱི་རྫོང་གྲོང་སོགས་གྲོང་ཁྱེར་ རྣམས་ཀྱི་བཟོ། ཚོང་། སྨན། འགྲིམ་འགྲིལ་སོགས་དང་འབྲེལ་བ་ཡོད་པའི་མི་ཕལ་ཆེ་བ་རྒྱ་རིགས་ཡིན་པས་དེ་རྣམས་ དང་རྟག་པར་འབྲེལ་འདྲིས་བྱ་དགོས། རྒྱ་སྐད་མ་ཤེས་ན་གོ་བརྡ་མི་འཕྲོད་པས་བྱ་བ་གང་ཡང་བསྒྲུབས་ཐབས་མེད་པར་གྱུར་ ཏེ། ཁ་དང་མིག་དང་ལག་པ་ཡན་ཆད་ཀྱིས་རྒྱ་སྐད་སྨྲ་ཨེ་ཤེས་མི་བལྟ་ཀ་མེད་བྱུང་བ་དང་། དེའི་ཤན་ཤོར་ཞིང་བོད་མི་ཕལ་བ་ཀླད་མེད་རྣམས་ཀྱིས་རང་སྐད་བེད་སྤྱད་ཀྱི་ཕྱོགས་ ལ་མཐོང་ཆེན་བྱེད་དགོས་པ་མ་ཤེས་ཏེ། རང་རིགས་ནང་ཕན་ཚུན་གཏམ་སྨྲ་བ་ནའང་རྒྱ་བོད་ཀྱི་སྐད་གཉིས་ཆར་ཁ་ནས་གང་ཐོན་ཆལ་ ཆོལ་དུ་སྨྲས་པའི་དབང་གིས་རིམ་གྱིས་སྐད་ལ་བསླད་ཆ་ཚབས་ཆེན་ཤོར། བོད་རང་སྐད་ཀྱི་ནང་དུ་ཐ་སྙད་སྤུས་ལེགས་ཡོད་པ་རྣམས་ཀྱང་སྣང་མེད་དུ་དོར་ནས་ དེའི་ཚབ་ཏུ་སྐད་གཞན་གྱི་ཐ་སྙད་དག་སྨྲ། རང་གི་སྐད་སྨྲ་བ་ལས་གཞན་གྱི་སྐད་སྨྲས་ན་དེ་ཉིད་བརྗོད་པ་བདེ་སྙམ་བྱེད། དཔེར་ན། མཚོ་སྔོན་ཕྱོགས་ཀྱི་འབྲོག་ཁུལ་མང་པོ་དག་ཏུ་འབྲོག་པ་རྣམས་ཀྱི་སྐད་ཆའི་ནང་ དུའང་རྒྱ་སྐད་དུ་མ་རང་ཤུགས་ཀྱི་འདྲེས་ནས་འདུག ཁོང་ ཚོ་འགའ་རེས་ད་ལྟ་ནས་མིང་ཚིག་དེ་དག་རྒྱ་སྐད་དང་བོད་སྐད་གང་ཡིན་གྱི་དབྱེ་ འབྱེད་ཀྱང་ཤེས་ཚོད་མི་འདུག་པས་ཤིན་ཏུ་ཡི་མུག་པའི་གནས་སོ།།

གཉིས་པ་ནི།

བོད་ཀྱི་མཁས་པ་སྐད་རིགས་ཆེད་ལས་པ་སོགས་ཀྱིས་བོད་སྐད་ཀྱི་ཐོག་ནས་གསར་བྱུང་ གི་དངོས་པོ་ཕལ་མོ་ཆེ་ལ་ཡོངས་གྲགས་ཀྱི་མིང་འདོགས་བྱེད་དགོས་པ་ལ། དེ་མ་ནུས་པའི་དབང་གིས་མིང་ཚིག་ཤིན་ཏུ་མང་བོ་ཞིག་གཞན་ལ་གཡར་ནས་མི་བརྗོད་ཀ་ མེད་བྱུང་བས་བོད་སྐད་ཀྱི་ནང་དུ་རྒྱ་སྐད་ཤིན་ཏུ་མང་བོ་འདྲེས་ཏེ་ཁྲ་ཤིག་གེ་བ་ ཞིག་ཏུ་སོང་བ་ཡིན། གྲོང་ཁྱེར་རྣམས་སུ་སྒོ་བྱང་དང་བསྒྲག་ཡིག་ཕལ་མོ་ཆེ་རྒྱ་ཡིག་ཁོ་ནས་འབྲི། བོད་ཡིག་ཅུང་ཟད་རེ་བྲིས་པ་རྣམས་དོན་ཕྱིན་ཅི་ལོག་པར་བསྒྱུར་བ་དང་། ཡི་གེ་མ་དག་པ། ཡིག་གཟུགས་མི་མཛེས་པ་སོགས་འབྲི། དེར་མ་ཟད་བོད་རྒྱའི་ཡི་གེ་གཉིས་མཉམ་དུ་བྲིས་པར་རྒྱ་ཡིག་གི་ཡིག་གཟུགས་ཆེན་ པོ་དང་བོད་ཡིག་ཆུང་ངུ་ཞར་བྱུང་དུ་བྲིས་པ་ལྟར་བྱེད། སྤྱིར་ཡིག་གཟུགས་ཆེ་བ་ཙམ་གྱིས་ཕན་པ་ལྷག་པོ་མེད་ཀྱང་། ཡིག་གཟུགས་ཆེ་ཆུང་དེ་གཉིས་ཀྱི་ཐོག་ནས་གནས་དེར་ཡིག་རིགས་དེ་གཉིས་ཀློག་མཁན་ གྱི་མི་ཚོགས་གཙོ་བོ་དེ་གང་ལ་བྱེད་པ་ཡིན་མཚོན་ཐུབ་ཅིང་། སྐད་ཡིག་ལ་མཐོང་ཆེ་ཆུང་གི་ཉམས་གསལ་བར་ཐོན་པ་ཡིན་ནོ།། གསུམ་པ། ཤིན་ཏུ་ཡིད་ཕམ་པ་ཞིག་ནི་རྫོང་གྲོང་སོགས་ན་ཡོད་པའི་བོད་པ་མང་བོས་ཕྲུ་གུ་ རྣམས་ལ་ཆེད་དུ་རྒྱ་སྐད་ཁོ་ན་སྨྲར་འཇུག བྱ་སྤྱོད་ གཤིས་ཀ་ཐམས་ཅད་རྒྱ་རིགས་ཁོ་ན་ལྟར་ཨེ་འོང་བལྟ། དེ་ལ་སྔོན་ཐོན་དང་གཟི་བརྗིད་དུ་འཛིན། ཕ་མ་རྣམས་ཀྱིས་ཕྲུ་གུ་དེ་ཚོར་གཏམ་བཤད་པ་ནའང་རྒྱ་སྐད་ཁོ་ན་བཤད་ཨེ་ཤེས་བལྟ་ ཁུལ་བྱེད། ངེད་ཀྱིས་བོད་ཀྱི་གྲོང་ཁྱེར་རྣམས་ནས་སློབ་ཆུང་གི་སློབ་མ་མང་པོ་མཉམ་དུ་འགྲོ་ བ་མཐོང་བ་ན། རྒྱུན་པར་དེ་རྣམས་ཀྱི་སྐད་དང་གོམས་གཤིས་ལ་བརྟགས་པ་ཡིན་ཏེ། ནམ་ཡིན་ཡང་ཡིད་མུག་ལྷང་ངེ་བ་ཞིག་འོང་གིན་འདུག་གོ། ཡང་རྒྱ་ཡུལ་གྱི་སློབ་གྲྭར་སློབ་སྦྱོང་བྱེད་པའི་བོད་ཀྱི་སློབ་མ་མང་པོ་དག་ གིས་ཕར་ལྷ་ས་གྲོང་ཁྱེར་དུ་འགྲུལ་འཁོར་ནས་སོང་། དེར་རྒྱ་ཡུལ་དུ་སློབ་གྲྭར་སོང་བའི་བོད་ཀྱི་སློབ་མ་གཉིས་འདུག ངེད་ཀྱིས་དུས་ཚོད་གཅིག་དང་ཕྱེད་ཀྱི་རིང་ལ་དེ་གཉིས་ཀྱི་གཏམ་ལ་བརྟགས་ པས་དེའི་རིང་ལ་བོད་སྐད་གཙང་མ་ཚིག་གཅིག་ཀྱང་བཤད་མ་སོང་། ཐམས་ཅད་རྒྱ་བོད་ཀྱི་སྐད་གཉིས་བལ་དང་ཐང་ཆུ་བཞིན་དུ་བསྲེས་ཏེ་སྨྲ་བར་བྱེད་ དོ།། ཚུལ་འདིས་མི་དེ་གཉིས་ཁོ་ན་ཙམ་མ་ཡིན་པར་སྐྱེ་བོ་ཤིན་ཏུ་མང་པོ་ཞིག་གི་སྤྱོད་ ཚུལ་མཚོན་པར་བྱེད་པ་ཡིན་ནོ།།

དེས་ན་མི་འདི་རྣམས་ཀྱིས་རང་གི་སྐད་རིགས་དང་རིག་གཞུང་གི་རིན་ཐང་མི་ཤེས་པས་ མཐོང་ཆེན་ཡེ་མི་བྱེད་དོ། སྤྱིར་རྒྱ་ནག་གི་སྐད་བསླབ་ པ་མི་རུང་བ་དང་སྨྲ་མི་རུང་ཞེས་བརྗོད་པ་མ་ཡིན་ཏེ། སྐད་རིགས་གང་ཡིན་ཡང་ཤེས་ན་བཟང་བ་ལས་མེད་མོད། འོན་ཀྱང་སྐད་དེས་རང་སྐད་ཉམས་པར་བྱེད་པ་ནི་ཆེས་མི་རིགས་པའོ།། བཞི་བ་ནི། གཞུང་ཕྱོགས་ལ་བོད་རིགས་ས་ཁུལ་དུ་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱ་དགོས་པའི་ གཏན་འབེབས་ཀྱི་ཁྲིམས་སྲོལ་ཙམ་རེ་འདུག་ཀྱང་། ལག་བསྟར་གྱི་སྐབས་སུ་ལས་ཁུངས་ཐམས་ཅད་ཀྱིས་ཚོགས་འདུ་ཆེ་ཆུང་གང་གི་ནང་དུའང་ རྒྱ་སྐད་ཁོ་ན་བཤད་པ་ལས་བོད་སྐད་བཤད་མཁན་མི་འདུག བོད་ སྐད་གཙང་མ་བཤད་ཤེས་མཁན་དང་ཉན་ཤེས་མཁན་ཀྱང་ཤིན་ཏུ་དཀོན། དེའི་ཕྱིར་བོད་པ་རྣམས་ཀྱིས་ཀྱང་རྒྱ་མིན་བོད་མིན་གྱི་སྐད་ཆ་ཆལ་ཆོལ་རེ་སྨྲ་ ཁུལ་བྱེད། དེ་ཉིད་དུས་རབས་ཀྱི་འགྲོས་དང་བསྟུན་པའི་ སྤྱོད་པ་སྔོན་ཐོན་ཡིན་པར་རློམ། ཚོགས་དོན་ཐོ་འགོད་པ་རྣམས་ཀྱིས་ཀྱང་རྒྱ་ཡིག་ཁོ་ན་འབྲི། བོད་ཡིག་ལས་རྒྱ་ཡིག་འབྲི་མ་ཤེས་ན་ངོ་ཚ་ལྟ་བུར་རྩི། རྩིས་འཕྲུལ་བེད་སྤྱོད་སོགས་བྱ་བ་ཆེ་ཆུང་ཕལ་མོ་ཆེ་རྒྱ་ཡིག་གི་ཐོག་ནས་བྱེད་ པར་འདུག་གོ། དེ་རྣམས་ཀྱི་དབང་གིས་བོད་ཀྱི་སྐད་ཡིག་གིས་རང་ཡུལ་ནས་གོ་མི་ཆོད་པར་གྱུར་ཏེ་ ཡར་རྒྱས་སུ་མི་འགྲོ་བར་མ་ཟད་ཉམས་རྒུད་དུ་འགྲོ་བཞིན་པ་ཡོད་པ་འདི་ལེགས་པར་ ཤེས་དགོས་སོ།། དེ་ལྟ་བས་ན་རང་རིགས་ཀྱི་སྐད་ཡིག་མྱུར་ དུ་ཉམས་གསོ་བྱ་བའི་ཆེད་དུ་ཐམས་ཅད་ཀྱིས་ལྷག་བསམ་རྣམ་པར་དག་པས་འབད་པ་བྱེད་པ་ ནི་བཏང་སྙོམས་སུ་གཞག་ཏུ་མེད་པའི་ལས་གལ་བོ་ཞིག་ཡིན་ནོ།། འོ་ ན་ཇི་ལྟར་བྱ་དགོས་ཞེ་ན། འདི་ལ་མྱུར་དུ་བསྒྲུབ་དགོས་པའི་བྱ་བ་འགའ་ཞིག་ཡོད་དེ།་དང་པོ་ནི། བོད་མི་སྤྱི་ལ་ལ་རང་གི་སྐད་ཡིག་གཙང་མ་ཤེས་དགོས་པ་དང་དེ་ཉིད་བེད་སྤྱོད་ལེགས་ པོ་བྱེད་དགོས་པའི་རྒྱུ་མཚན་ཡང་དག་པ་དང་། གལ་ཏེ་རང་གི་སྐད་ཡིག་ཉམས་པར་གྱུར་ན་དེའི་རྗེས་འབྲངས་ཇི་འདྲ་བ་ཡིན་པ་བཅས་པ་ གོ་བརྡ་ཞིབ་རྒྱས་སུ་སྤྲད་པར་བྱ་རྒྱུ་དེ་ཡིན་ནོ།།

གཉིས་པ།

མི་སྒེར་རམ་ཚོགས་པ་གང་རུང་གིས་གྲོན་དངུལ་བཏང་སྟེ། རྒྱ་ནག་དང་དབྱིན་ཇིའི་མི་སོ་སོའི་སྐད་ཀྱི་ཐ་སྙད་འདོགས་ཚུལ་ལ་བྱང་ཆུབ་པ་འགའ་ ཞིག་བཅས་བསྡུས་ཏེ། དེང་རབས་ཀྱི་གསར་བྱུང་གི་དངོས་པོ་རྣམས་ལ་བོད་སྐད་ཀྱི་ཐ་སྙད་དོན་དང་མཐུན་ ཞིང་བརྗོད་བདེ་བ་དག་འདོགས་དགོས། དེ་ལྟར་བཟོས་པའི་མིང་དེ་རྣམས་གསར་ཤོག་དང་། དུས་དེབ། བརྙན་འཕྲིན། རླུང་འཕྲིན་སོགས་ཀྱི་ཐོག་ཏུ་བཀོལ་ནས་གཅིག་གྱུར་དང་ཡོངས་ཁྱབ་ཅན་དུ་བྱ་དགོས་ ཀྱི། གཞན་དུ་མིང་མཛོད་ཀྱི་ནང་དུ་བྲིས་ཡོད་པ་ཙམ་གྱིས་མི་ཕན་ནོ།།

གསུམ་པ།

བོད་ ཀྱི་སློབ་གྲྭ་སོགས་རིག་གནས་ཀྱི་སྡེ་ཚན་རྣམས་ཀྱིས་སྣ་ཁྲིད་དེ། བོད་མི་ཡོངས་ཀྱིས་རང་རེའི་ནང་ཕན་ཚུན་གཏམ་བཤད་པ་ན་རང་སྐད་གཙང་མ་སྨྲ་རྒྱུ་ དང་། དེ་ལྟར་སྨྲ་མི་ཤེས་པའམ་མི་སྨྲ་བ་ལ་སྐྱོན་དུ་བལྟ་བའི་གོམས་སྲོལ་ཆགས་སུ་འཇུག་ པ་དང་། ཕ་མ་སོགས་ཀྱིས་ཕྲུ་གུ་རྣམས་ལ་བོད་རིགས་ཤིག་ཡིན་ཕྱིན་བོད་སྐད་དང་བོད་ཡིག་ གཙང་སང་ངེ་བ་ཞིག་ཤེས་པ་གཞིར་བཞག་བྱ་དགོས་སོ།། བཞི་བ། བཟོ་ཚོང་སོགས་ལས་ཁུངས་ཆེ་ཕྲ་ཐམས་ཅད་ཀྱིས་བོད་ཡུལ་དུ་བོད་ཀྱི་སྐད་ཡིག་སྤྱད་ དགོས་པའི་ཁྲིམས་སྲོལ་དེ་ལག་ལེན་ཡང་དག་པ་བྱས་ཏེ། བྱ་བའི་བཀོད་སྒྲིག་དང་། ལས་དོན་སྙན་ཞུ་སོགས་ཐམས་ཅད་བོད་ཀྱི་སྐད་དང་ཡི་གེའི་ཐོག་ནས་བྱས་ཏེ། རང་རིགས་ཀྱི་སྐད་ཡིག་དར་སྤེལ་གཏོང་བའི་བྱ་བ་ལ་སྐུལ་མ་བྱའོ།། དེ་ལྟར་རང་གི་སྐད་ཡིག་གི་གཞི་ལེགས་པར་ ཆགས་ནས་ད་གཟོད་མི་རིགས་གཞན་པ་རྣམས་ཀྱི་ཡུལ་སྐད་ཕལ་བ་རེ་སྨྲ་ཤེས་པ་ཙམ་གྱིས་ མི་འོངས་བས་དང་བོ་ཉིད་ནས་སྤྱི་སྐད་གཙང་མ་ལ་བསླབ་པར་བྱ། དེ་ལྟར་རང་རིགས་ནང་ཕན་ཚུན་བར་ལ་རང་སྐད་གཙང་མ་སྨྲ་བ་དང་། ཕ་རོལ་བོ་རྣམས་ལ་ཕྱི་སྐད་དག་མ་སྨྲ་ཤེས་པ་ནི་འཛམ་གླིང་གི་རིག་པ་རྣམས་མཉམ་ བསྲེས་ཀྱིས་ཁྲ་ལེབ་ཆེན་པོར་འགྲོ་བཞིན་པའི་དུས་འདིར་ཤིན་ཏུ་གལ་ཆེ་བ་ཡིན་ནོ།། དེ་ལས་གཞན་དུ་འདི་མུས་སུ་ཅི་མི་སྙམ་དུ་བསྡད་ན་བོད་ཀྱི་སྐད་ཡིག་ནི་ལྟག་ཆུ་ ཆད་པའི་རྫིང་བུ་བཞིན་དུ་འགྱུར་པའི་སྔ་ལྟས་ཤིན་ཏུ་གསལ་བོར་དག་བྱུང་ཟིན་འདུག་ པས་བཏང་སྙོམས་སུ་གཞག་པའི་དུས་མ་ཡིན་ནོ།།

 

པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )